ཨ་མའི་ལན་བུ་ནི་དམིགས་བསལ་ཞིག་རེད། སྐབས་སྐབས་སུ་ངེད་མ་བུ་གཉིས་གང་ནས་ཡོང་བ་སྐད་ཆ་ཚིག་གཅིག་བཤད་མི་དགོས་པ་ཨ་མའི་ལན་བུ་ཡིས་ཁ་གྲགས་ཀྱིན་འདུག ཁ་ཚོས་ཨ་མའི་ལན་བུ་ལ་ལྟོས་ཏེ་ཁྱོད་ཚོའི་ས་ཆ་སྐྱིད་པོ་རེད་ཟེར་ནས་ལབ་ཡོང་གིན་འདུག དེ་སྔོན་ངས་ཨ་མའི་ལན་བུ་འདི་གཉིས་ལ་ཡིད་འཇོག་བྱེད་མྱོང་མེད་ལ། སྐབས་སྐབས་སུ་ནུ་མོས་ཨ་མའི་ལན་བུ་སྐྱ་མ་གཅིག་ཏུ་སྒྲོག་ནས་ཡག་སྣང་ཇི་ལྟར་བྱས་ཀྱང་ཕྱི་ཉིན་ནས་སྔར་བཞིན་ཨ་མས་གཞོག་གཉིས་སུ་སླས་ཡོད་པ་དང་། ནུ་མོས་ཡག་སྣང་ཤར་ལུགས་ཨ་མའི་ཡག་སྣང་ཤར་ལུགས་མི་འདྲ་བས་སྐབས་སྐབས་སུ་ཁ་རྩོད་ཀྱང་བྱེད། དེ་དུས་ངས་དེ་ལ་ཁྱད་པར་ཅི་ཡང་མ་མཐོང་ཞིང་དོན་མེད་ཀྱི་རྩོད་པ་ཞིག་ཡིན་ས་ལ་བཞག་པ་ལས་བསམ་བློ་གང་ཡང་གཏོང་མྱོང་མེད། ད་རུང་ངའི་ནུ་མོ་ཚང་མ་བོད་ཡིག་ཤེས་མཁན་རྐྱང་རྐྱང་རེད། ཡིན་ནའང་ད་ལྟ་ལྟས་ན་དེ་ནི་དམིགས་བསལ་གྱི་གནས་ཚུལ་ཞིག་ཏུ་མཐོང་ཞིང་། ངས་ཨ་མའི་ལན་བུ་འཇོག་སྟངས་ལ་གོ་རྟོགས་གསར་བ་ཞིག་རྒྱུས་མེད་ཆ་མེད། འབྲེལ་མེད་ཀྱི་ཡུལ་གྲུ་ཞིག་ནས་རྙེད། ངས་ངའི་ཨ་མའི་མིག་མདངས་ནས་ཡལ་མེད་རྫོགས་མེད་ཀྱི་འོད་མདངས་ཤིག་མངོན་ཐུབ། ཨ་མའི་ཕུང་བོ་ནད་གྱིས་གནར་ཀྱིན་ཡོད་མོད་ཨ་མའི་མིག་ཟུང་ནས་འོད་མདངས་ཤིག་དང་ཨ་མའི་ཞལ་རས་ལས་འཛུམ་མདངས་ཤིག་འཚེར་ཀྱིན་གདའོ།།
ཨ་མའི་མི་རབས་འདིས་མོ་རྣམས་ཀྱིས་འབྲི་བཞོ་རྙི་ལས་ཀྱི་ཁྱིམ་ལས་ཆེ་ཕྲ་ཆུང་གསུམ་བྱང་ཆུབ་པ་དང་། ཕོ་རྣམས་བཟོ་དང་འཐག་དང་། བརྩེགས་པ་སོགས་ཁྱིམ་པའི་ལས་རྣམས་ཁྱིམ་པས་ཧུར་གྱིས་བརྩོན་པའི་མི་རབས་ཤིག་རེད། མོ་རྣམས་ཀྱིས་ཡི་གེ་དེ་འདྲའི་མི་ཤེས་ཀྱང་ཁ་མཚར་དང་གླུ་ཤགས། ཁ་བཏོན་སོགས་ངག་རྒྱུད་ཁོ་ན་བརྟེན་ནས་བློ་ལ་ཟིན་ཚོད་དམ་གསོག་འཇོག་དེ་ཧ་ལས་རེད། ཕོ་རྣམས་དེ་ལས་བཤད་མ་དགོས་པ་རེད། ཁྱིམ་ཚང་རེ་ལ་མ་མཐའ་ཡང་རབ་བྱུང་རེ་དང་བཙུན་མ་རེ་ཡོད་པ་དང་། དེ་དག་ཀྱང་གྲ་ས་ནས་ཚུལ་བཞིན་དུ་རབ་བྱུང་གི་སྤྱོད་པ་འཛིན་ཞིང་། དཔེར་ན་ང་རང་ཆུང་ཆུང་སྐབས་སུ་ལོ་མང་པོ་ལ་ཨ་ཁུ་གྲ་བ་མཐོང་མ་མྱོང་བའི་རྐྱེན་གྱིས་བར་སྐབས་ཤིག་ཁོང་ཁྱིམ་ལ་བྱོན་དུས། ཨ་ཕས་ཁོང་ནི་ཁྱོད་ཀྱི་ཨ་ཁུ་རེད་ཟེར་ཞིང་། ཁོང་ངའི་རྩིབ་ཏུ་ཡོང་དུས་ང་བྲོས་འགྲོ་གི་ཡོད། དེ་དུས་རྩོམ་ཟེར་ནས་དེ་འདྲའི་ཆེད་དུ་འབྲི་ཤེས་མཁན་ཅུང་ཟད་དཀོན་ན་འང་ཁྱིམ་པ་ཕལ་བ་ཞིག་ཡི་གེ་བྱང་ཚད་དང་ཆོད་ཚོད་དེང་སངས་བོད་ཡིག་སློབ་མཁན་གྱི་སློབ་ཆེན་སློབ་མའི་ལོག་པོ་ཡ་ཟུང་མ་མཐའ་ཡང་སྣང་། ངའི་ཨ་ནེ་ཡིས་མི་ལའི་མགུར་འབུམ་སྐད་ཆེན་བཏོན་དང་མཉམ་དུ་ཨ་ཡེས་ཀྱིས་དེ་དག་ཉོན་པ་ལ་བརྟེན་ནས་ནང་དོན་འཆད་མྱོང་ལ། འཆད་པའང་ཅུང་ཟད་ཅུད་ཟད་མི་འདྲ་བ་ལས་ཕལ་ཆེར་དོན་ལ་ཁེལ་བའི་སྐད་ཡིག་དང་སྐད་ཆའི་ཆུ་ཚད་དེ་འདྲའི་མཐོན་པོ་ཡིན་པ་གཞི་ནས་རྟོགས་ཐུབ། དེ་བས་ངས་ལྟས་ན་ངའི་ཨ་ཡེས་ཨ་མྱེ་དང་ངའི་ཕ་མའི་མི་རབས་འདིའི་ལོ་རྒྱུས་དེ་འདྲའི་འོག་ནས་སློབ་གསོ་དང་རིག་གནས་ཀྱི་ཚད་ནི་བསམ་ཡུལ་ལས་འདས་པ་རེད། དེ་བས་ར་སྐོར་གཅིག་གི་ནང་ནས་མི་ལོ་བཅུ་ཁ་ཤས་ཤིག་བོད་ཡིག་ཡིག་ངོ་ཤེས་པ་ཙམ་གྱིས་ཉི་མ་འགྲོ་ཐབས་བྱས་རྗེས་ཁ་ཕྱིར་སྐོར་ནས་ཕ་མེས་ཚོ་ལ་རིག་གནས་མེད་རབས་གླེན་པ་ཡིན་རབས་ཟེར་ནས་ལོང་བས་གླང་འཇུག་གི་འབྲས་བུ་ད་ལྟ་དངོས་སུ་སྨིན་ཡོད་པ་དེ་རེད། བོད་ཀྱི་ལས་ལ་བརྩོན་ཞིང་། བོད་སྐད་ལ་ནོར་འཁྱུག་མེད་པའི་འབྲོག་པ་ཚོས་རང་ཉིད་གཟའ་རོ་ཡིན་ས་འཇོག་བཞིན་པ་འདི་སུ་ཡི་ལན་རེད། གང་གི་འབྲས་བུ་རེད། དེ་བས་ཇི་འདྲའི་བསམ་བློ་བྱས་ཀྱང་བྱིས་པས་བྱིས་པ་ལ་སློབ་ཁྲིད་བྱེད་བཅུག་པའི་ལས་འདི་སྐད་ཅིག་ཙམ་ཡང་མིག་གིས་བལྟ་གཟོད་མི་འདུག་པས། རྒྱུགས་ར་ལས་མེད་པ་བཟོས་པའང་དགེ་སྐྱོན་གང་རུང་ཡོད་པ་ཆོས་ཉིད་དུ་འདུས། སྤུས་ཚད་ཞན་ལ་གྲངས་ཀ་མང་བའི་རིགས་དེ་ཚོང་དུ་མི་བྲིན་པ་མ་ཚད་རྒྱུ་སྤུས་བཟང་བའི་ནོར་བུ་ངོ་མའི་ངོ་གདོང་ཡང་སྒྲིབ་ནས་ཡོད་པས། དེ་དག་ཉུང་དུ་འགྲོ་དུས་ནོར་བུ་ངོ་མའི་ངོ་གདོང་ཡང་ཇེ་གསལ་དུ་ཡོང་བའི་རེ་བ་ཉག་གཅིག་མེད་དམ་བསམས། གྲངས་ཀ་ཉུང་དུ་སོང་ཡང་རྒྱུ་སྤུས་ཇེ་བཟང་དུ་སོང་ན་ཇེ་དཀོན་ཇེ་བྲིན་དུ་འགྱུར་བ་འདི་ཆོས་ཉིད་སྲིད་པའི་ཆོས་ཉིད་ཡིན་ནོ།།

