
འབྲོག་སྨྱུག
ཁ་པར་ཡང་ཡང་བཏང་པའི་མཐའ་མ་ལ།།
བདག་གི་སེམས་པ་མཚོ་ཁའི་མེ་ཏོག་འདྲ།།
གློ་རྡེག་དྲན་གདུང་ཆར་གྱིས་གཡོ་བ་ན།།
སྟོན་ཁའི་སྡོང་ལོ་བཞིན་དུ་སྦུབས་སུ་འཚང་།།
སྐད་ཆ་གཟན་པོ་རུས་པའི་རྐང་ལ་ཟུག།
ཁྲ་ཆུང་མིག་གི་མཆི་མ་དབང་མེད་ཤོར།།
འབྲོག་མཐའི་བུ་ལོ་རི་ལུང་མཐིལ་ན་སྐྱོ།།
སྙན་ངག་སྐྱ་བོ་སེམས་ཀྱིས་མཚོན་ལ་བསྒྱུར།།
སྡེ་ཆེན་མི་ཁ་རལ་གྲི་སོ་གཉིས་མས།།
ཁྱེད་དང་ང་ཡི་མགོ་བོ་རྨང་ནས་བསྒུལ།།
མི་སེམས་གཞུང་ལ་འཁྱུད་པའི་བརྩེ་བ་དེ།།
སྐལ་བ་མཐའ་མའི་བར་དུ་གསལ་ལ་འཚེར།།
ཞེན་ཆགས་ལས་ཀྱི་རི་མོ་ཐོད་ལ་བབས།།
དྲན་གདུང་རྟ་ཕོ་མདུན་ནས་མདུན་དུ་མཆོང་།།
བརྩེ་དུང་མར་མེ་ཉི་མའི་ཟོལ་གྱིས་འབར།།
ཡ་ཆུང་སྟོད་ནས་ཁྱེད་ཀྱི་སྣང་གཟུགས་འཆར།།
ཁྱེད་དང་ང་ཡི་འབྲེལ་བ་གསེར་ལས་གྲུབ།།
སེམས་དང་སེམས་ཀྱི་བར་ལ་མེ་ཏོག་བཞད།།
མིག་གི་སྦྲང་མ་མི་སྡོད་གཡོ་བར་བྱས།།
ལུས་ཀྱི་མེ་ཏོག་མི་བཙུམ་བཀད་པར་བྱེད།།
སྡེ་ཆེན་མི་ཁས་ཉིན་བཞིན་རྒྱབ་ནས་དེད།།
སུན་སྣང་མོད་པའི་ང་རང་ཤི་བར་འཁྲུལ།།
ཟུར་མིག་ལྐོག་མདའ་འཕེན་པའི་བུ་མོ་ཁྱོད།།
དེ་རིང་མཐོང་བས་མོད་ལ་གླུ་ཞིག་དྲན།།
ལུས་ཀྱི་བ་སྤུ་རེ་རེ་ཚ་བས་གཞོགས།།
ནོངས་འགྱོད་སེམས་ཀྱི་ཕ་བོང་བྲང་ལ་བཞག།
འགྲོ་བ་མི་རུ་སྐྱེས་པའི་མཐའ་མ་འདིར།།
ཕན་ཚུན་སེམས་ཀྱི་ཡིག་ཆུང་རྟེན་དུ་འཇོག།
༢༠༡༧ལོའི་ཟླ་༡ཚེས་༡ཉིན།


